སྒྲུང་རྩོམ།

 

  གྲོགས་པོའི་ཁ་ལ་མ་ཉན་ཀྱང༌།།
གྲོགས་པོ་མ་གཏོགས་རེ་ས་མེད།།
སྨྱུག་རྒོད་གངས་བུ་དཔལ་གྱིས་དོན་བསྒྱུར་བྱས།

བཟང་པོ་དང་སྟོབས་རྒྱལ་གཉིས་གྲོགས་པོ་འཆམ་པོ་ཞིག་ཡིན། ཁོང་གཉིས་ཕན་ཚུན་ཡིད་ཆེས་ཀྱང་ཆེན་པོ་ཡོད། ཐེངས་ཤིག་ཁོང་གཉིས་མ་སུ་རིར་གུང་སེང་ལ་ཕྱིན། ཁོང་གཉིས་མ་སུ་རི་ལ་སྐྱིད་པོ་ཞེ་དྲག་བྱུང་བའི་རྗེས་ནང་དུ་ལོག་ཡོང་སྐབས། དྷེ་ར་དྷུན་མེ་འཁོར་འབབ་ཚུགས་སུ་ལྟོ་ཕད་ཅིག་རྙེད་པ་རེད། སྟོབས་རྒྱལ་གྱིས་ལྟོ་ཕད་དེ་དང་པོ་མཐོང་བ་དང་ལམ་སེང་ཡར་བླངས་ནས་ཁ་ཕྱེས་པ་དང་སྒོར་མོ་ཆག་པ་མང་པོ་མཐོང༌། སྟོབས་རྒྱལ་གྱིས་དེ་མ་ཐག་ལྟོ་ཕད་་དེ་རང་གི་ཁུག་མའི་ནང་བླུགས་རྩིས་བྱས། སྐབས་དེར་བཟང་པོས་སྟོབས་རྒྱལ་ལ་ལྟོ་ཕད་དེ་ང་ཚོས་ཉར་རྒྱུ་མེད་པ་དང༌། ང་ཚོས་མེ་འཁོར་འབབ་ཚུགས་ཀྱི་མི་ཚོར་ལྟོ་ཕད་དེ་སུའི་ཡིན་མིན་སྐད་ཆ་དྲིས་ནས། ར་འཕྲོད་གསལ་པོ་བྱུང་ཚེ་ཕར་སྤྲོད་དགོས་པའི་བསམ་འཆར་སྟོན་ཀྱང་སྟོབས་རྒྱལ་གྱིས་མ་ཉན་པར། ཁྱོད་རང་ལྐུགས་པ་རེད་ཤག མི་ཚང་མས་ལྟོ་ཕད་་དེའི་བདག་པོ་བྱེད་འདོད་ཡོད། མ་གཞི་ལྟོ་ཕད་དེ་ང་ལ་རྙེད་པས་བདག་པོ་ང་རང་ཡིན་ལབ། དེ་ནས་བཟང་པོས་གལ་ཏེ་ཁྱེད་རང་ལྟོ་ཕད་་དེ་ཕར་སྤྲད་འདོད་མེད་ན་ཁྱེད་ཀྱིས་ལྟོ་ཕད་དེའི་ནང་གི་དངུལ་རྣམས་ང་ཚོའི་སློབ་གྲྭར་ཕུལ་དགོས་ལབ་ཀྱང་མ་ཉན། དེ་ནས་ཡང་བཟང་པོས་ང་གཉིས་བགོ་བཤའ་བྱེད་དོ་ལབ་ཀྱང་སྟོབས་རྒྱལ་གྱིས་མ་ཉན་པར་ད་དུང་འཚིག་པ་ཟོས་ནས་དེ་རིང་ནས་ང་གཉིས་གྲོགས་པོའི་འབྲེལ་བ་མེད་ལ་ཡིད་ཆེས་ཀྱང་བྱེད་མི་དགོས་ལབ། དེ་ནས་མེ་འཁོར་འབབ་ཚུགས་ཕྱི་མ་ཞིག་ཏུ་སླེབས་སྐབས། ཉེན་རྟོག་པ་ཁ་ཤས་ཁོང་ཚོའི་མེ་འཁོར་ནང་འཛུལ་བ་དང་ལྟོ་ཕད་ཞིག་གི་ཐོག་རྩད་གཅོད་བྱས། སྐབས་དེར་སྟོབས་རྒྱལ་གྱིས་བཟང་པོ་ལ་ང་གཉིས་ཉེན་ཁའི་ནང་ལྷུང་སོང་ཞེས་ཨ་མཆོག་ནང་ཤུབ་ཤུབ་ལབ་པས། བཟང་པོ་ཧང་སངས་ནས་ཁྱེད་ཀྱིས་ང་གཉིས་ལབ་དོན་གང་ཡིན། དངུལ་ཚང་མ་ཁྱེད་ཀྱི་རེད་པ་ལབ། དེ་ནས་སྟོབས་རྒྱལ་གྱིས་ལྟོ་ཕད་་དེ་ཡག་པོ་སྦས་ཀྱང་གདོང་པ་ཧ་ཅང་དམར་པོ་ཆགས་པར་སོང་ཉེན་རྟོག་པ་ཚོ་དོགས་པ་ཟ་ནས་སྔོག་གཤེར་བྱས་པས་ལྟོ་ཕད་འཐོན་པ་དང་བརྩོན་ཁང་དུ་ཁྲིད་ཕྱིན། བརྩོན་ཁང་ནང་དུ་སྟོབས་རྒྱལ་གྱིས་རང་གི་གྲོགས་པོ་བཟང་པོས་བཤད་པའི་སྐད་ཆ་རྣམས་རེ་རེ་ནས་དྲན་བཞིན་བཟང་པོས་རོགས་པ་བྱེད་དུ་ཡོང་རྒྱུར་ཡིད་ཆེས་བྱས་ནས་བསྡད་དོ།།

 
འབྲུག་འཚོལ་བ།
 
བློ་གླིང་ཨ་ཀ་སྤེན་པ།
༄༅། །ང་ནི་ཆུང་དུས་ནས་འབྲུག་ལ་སྐྲག་ཅིང་འབྲུག་ལ་སྡང་བ་ནི། སྤྲིན་ནག་རབ་ཏུ་འཁྲིགས་ཤིང་རླུང་འཚུབ་དང་ཆར་ཆུ་དྲག་ཏུ་རྒོད་པའི་དབྱར་གཞུང་དེར་འབྲུག་སྐད་ལྡིར་ལྡིར་བསྒྲགས་པ་དང་གློག་འོད་ཆེམ་ཆེམ་དུ་འཚུབ་པའི་སྐབས། ངས་ལག་པ་གཉིས་ཀྱིས་རྣ་བ་བཀབ་ནས་མིག་གཉིས་ཤུགས་ཀྱིས་བཙུམས་ཏེ་མགོ་བོ་ཨ་མའི་བྲང་ལ་སྦྱར་ནས་འཇམ་ཐིང་ཐིང་བསྡད་རྒྱུ་ལས་འགུལ་ཙམ་ཡང་བྱེད་ཕོད་ཀྱི་མེད། བག་ཆགས་དེའི་དབང་ནས་ད་ལྟའི་བར་ཁོ་བོ་འབྲུག་ལ་དགའ་མ་མྱོང་ལ་འབྲུག་ལ་ཡིད་ཆེས་དེ་བས་ཀྱང་བྱེད་མ་མྱོང༌།
འོན་ཀྱང༌། ང་ནི་གཡུ་འབྲུག་གྲོང་ཚོ་ནས་ཡིན་ཞིང༌། ང་ཚོའི་ཁྱིམ་མཚེས་འབྲུག་ཚང་གི་བུ་འབྲུག་རྒྱལ་ནི་ཆུང་དུས་ནས་འབྲུག་ལ་ལྷན་སྐྱེས་སུ་དགའ་ཞིང་དུང་བ་ཞིག་ཀྱང་ཡིན་པས་རུས་མིང་ཡང་འབྲུག་རྒྱལ་ཞེས་བཏགས་པ་རེད། བཤད་རྒྱུན་དུ་ཡོད་པ་ནི། སྔོན་གཡུ་འབྲུག་གྲོང་ཚོའི་ས་ཆ་འདིར་འབྲུག་མང་པོ་ཡོད་པ་དང་རྗེས་ནས་ས་ཆ་དེར་གྲོང་ཚོ་ཆགས་པས་གཡུ་འབྲུག་གྲོང་ཚོ་དང༌། ད་ལྟ་འབྲུག་ཚང་གི་ས་ཆ་དེར་འབྲུག་དོང་ངམ་འབྲུག་གི་ཚང་ཡོད་པས་དེར་ཁོང་ཚོས་ཁང་པ་བརྒྱབ་པར་བརྟེན་དུད་མིང་ལ་འབྲུག་ཚང་བཏགས་ཞེས་ངག་རྒྱུན་དུ་ཡོངས་གྲགས་ཡིན། ད་དུང་འབྲུག་རྒྱལ་གྱི་ཨ་ཞང་གིས་ཁང་པ་གསར་བརྒྱབ་སྐབས་འབྲུག་གི་སྒོ་ང་རྙེད་པ་རེད་ཅེས་བཤད་སྲོལ་ཡང་ཡོད་པ་རེད། དེར་བརྟེན་ཆེ་མགོ་དཀར་ནས་ཆུང་རྐང་དམར་བར་གྱི་མི་ཚང་མའི་སེམས་ནང་འབྲུག་ཅེས་པ་སྲོག་ཆགས་ཡ་མཚན་ཅན་ཞིག་ལ་བསམ་བཞིན་ཡོད་པ་རེད།
འབྲུག་རྒྱལ་ནི་ངའི་ཆུང་དུས་ནས་འདྲིས་པའི་གྲོགས་པོ་ཞིག་ཡིན་པ་མ་ཟད། ངེད་གཉིས་སློབ་གྲྭར་འགྲིམས་པའི་སྐབས་ཉི་མ་མང་ཤོས་སློབ་གྲྭ་ལ་མ་སོང་བར་ཁོང་གིས་འདོད་པ་ལྟར་འབྲུག་དོང་སྒང་དུ་འབྲུག་འཚོལ་བར་འགྲོ་ཡི་ཡོད། ཉིན་གང་བོར་འབྲུག་དོང་ཟེར་བའི་ས་དོང་དེའི་ནང་ཐེངས་མང་ཉལ་མྱོང་ཡོད། མཚམས་རེ་ནམ་མཁའ་ནས་སྤྲིན་ནག་འཁྲིགས་སྐབས་ཁོང་གིས་དགའ་ཚོར་ཆེན་པོའི་ངང་ད་འབྲུག་ཡོང་གི་རེད། ངེད་གཉིས་ནས་བཞོན་ཆོག་རེད་ཅེས་བཤད་ཀྱང༌། ང་ནི་ཞེད་ནས་བྲོས་འོངས་པ་ཐེངས་གཅིག་ག་ལ་ཡིན། དེར་བརྟེན་ངེད་གཉིས་སློབ་གྲྭ་ནས་དགེ་རྒན་དང་ནང་གི་ཕ་མ་སོགས་ལས་རྡུང་རྡེག་དང་གཤེ་གཤེ་ཡང་ཉོས་པ་ཉུང་ཉུང་ཞིག་གཏན་ནས་མིན།
དེང་གི་ཆར་ངེད་གཉིས་ན་ཚོད་ཟིན་པའི་ཕོ་གཞོན་དར་མ་ཞིག་ཏུ་གྱུར་ཀྱང་ཆུང་དུས་ཀྱི་བརྩེ་སེམས་སྔར་ལས་ཀྱང་ཟབ་ཅིང་གཅིག་ཕན་གཅིག་གྲོགས་ཀྱི་བློས་ཐུབ་ཅིག་ཡིན། འོན་ཀྱང༌། ཆུང་དུས་ནས་བཞག་པའི་བག་ཆགས་ཤིག་གིས་ཁོང་འབྲུག་ལ་དགའ་ཞིང་དུང་བ་དང༌། ཁོ་བོ་འབྲུག་ལ་སྡང་བའི་ཞེན་པ་ནི་ཇེ་ཆེ་ལས་ཆུང་དུ་འགྲོ་མེད། ཁོང་གིས་སྔར་ལས་ཀྱང་འབྲུག་གི་ཡོན་ཏན་ནམ་ཁྱད་ཆོས་བརྗོད་དོན། སེམས་ཅན་འབྲུག་གིས་སྐད་སྒྲོག་པ་ན་རྨ་བྱའི་མངལ་ཆགས་པ་དང༌། གཟི་ནི་འབྲུག་གི་སྐྱག་པ་ཡིན་པ་དང༌། འབྲུག་རྭ་ནོར་བུ་ཡིན་པ་དང༌། ད་དུང་དགོན་པ་ཆེ་གེ་མོ་ཞིག་གི་ནང་འབྲུག་གི་སྒོ་ང་ཡོད་པ་དེ་རྟེན་རྫས་གཙོ་བོ་ཡིན་པ་དང༌། ཡང་ལྔ་བཅུ་ང་དགུ་ལོར་ཟིང་འཁྲུགས་སྐབས་ཡུལ་མི་ཆེ་གེ་མོ་ཞིག་གིས་འབྲུག་རུས་རྙེད་པ་དང༌། ངས་ཀྱང་འབྲུག་དོང་སྒང་དུ་འབྲུག་དངོས་སུ་མཐོང་མྱོང་ཞེས་སྤོབས་པ་དང་ལྡན་པའི་ངང་བཤད་ཀྱི་ཡོད།
འོན་ཀྱང༌། ངས་ཁོང་ལ་འབྲུག་ཅེས་པའི་སྲོག་ཆགས་ཤིག་མེད་པ་དང༌། དེ་བས་ཀྱང་འབྲུག་གི་སྒོ་ང་དང༌། འབྲུག་གི་སྐྱག་པ། འབྲུག་རུས་དང་འབྲུག་རྭ་སོགས་ག་ནས་ཡོད། འབྲུག་སྒྲ་ཞེས་པ་ནི་ཕྱོགས་གཉིས་ནས་རླུང་ཤུགས་ཆེན་པོས་བརྡབས་པའི་སྒྲ་ཞིག་ཡིན་པ་དང༌། སྤྲིན་ཕུང་དེ་གཉིས་འཕྲད་སྟངས་ཤིག་གིས་གློག་འཁྱུག་པ་ཡིན་པར་༼འཇིག་རྟེན་གདགས་པ་༽དང་༼རྒྱལ་པོ་བཀའ་ཐང་༽སོགས་ལུང་དྲངས་ནས་སངས་རྒྱས་ཀྱི་ཆོས་ལུགས་ནང་གསུངས་པ་དང༌། དེང་དུས་ཀྱི་ཚན་རིག་པས་བཤད་ལུགས་སོགས་བགྲངས་ཀྱང་ཁོང་ཡིད་ག་ལ་ཆེས། ཡང་མཚམས་རེ་ཁོང་གིས་བླ་མ་ཆེ་གེ་མོ་ཞིག་གིས་གསུངས་འདུག་འབྲུག་ལ་སྤྲུལ་པ་ཡོད་རེད་ཟེར་དེ་དངོས་གནས་འདྲ་པོ་འདུག་ཅེས་བཤད་ཀྱིན་ཡོད།
གྲོགས་པོ་ཚོ་སོམས་དང༌། ང་ཚོ་བོད་པ་ཚང་གིས་བཤད་སྲོལ་ལ་ཤྭ་བ་ཡུ་མོ་ལ་རྭ་ཅོ་མེད་ཀྱང་ཡོད་པ་དེ་ནོར་བུ་རེད། དགོན་པ་ཆེ་གེ་མོ་ཞིག་ནང་མཆོད་རྫས་གཙོ་བོ་རེད་ཅེས་དང༌། འབྲུག་གི་སྒོ་ང་དང༌། འབྲུག་གི་སྐྱག་པ་གཟི་དང༌། ད་དུང་འབྲུག་རུས་དང་འབྲུག་རྭ་འབྲུག་ཚང་ངམ་འབྲུག་དོང་བཅས་བཤད་རྒྱུན་ཙམ་ལས་དེ་དག་དངོས་ཡོད་ཡིན་པ་མཁས་པ་གང་གིས་གསུངས་ཡོད་མེད་དང༌། ཚད་ལྡན་སུ་ཡིས་མཐོང་རབས་དཔྱད་ན་རྙེད་དཀའ་བས་དེ་རིང་ཁོ་བོས་རྫོགས་ཚིག་དང་བཞི་ཤད་བྲིས་ཀྱང་སྔོན་བྱོན་མཁས་པའི་གསུངས་དང་དེང་དུས་ཚན་རིག་གང་ནས་ཀྱང་མི་འགལ་བ་སེམས་སོ།།

 

སྡུག་ཡུས་ཀྱི་ལོ་ཟླ་རིང་མོ།
 
གཉའ། འཇམ་དབྱངས་རྣམ་གྲོལ།
 
 
༼གཅིག༽
ཨ་མ་སྒྲོལ་དཀར་གྱིས་ཚིག་འབྲུ་མི་གསལ་བའི་གསོལ་འདེབས་མོད་པོ་ཞིག་གི་འགྲོས་དང་བསྟུན་ནས་ཞོགས་ཇ་བསྐོལ་རྗེས། ཕོ་ཁྱིམ་གྱི་མཆོད་སྒམ་ཁ་ཆག་དེ་ལས། ན་ནིང་ཡང་སྨན་སྒང་སྐྱེ་འཕྲེང་ལྔ་པ་བསྟན་འཛིན་རོལ་པའི་རྡོ་རྗེ་རང་ཁྱིམ་ལ་ཞུས་དུས་རྟེན་སྐལ་དུ་གནང་བའི་ཟངས་དམར་གྱི་ཕུད་ཀོང་དེ་བླངས་ཏེ། ཇ་ཕུད་ཅིག་བླུགས་ནས་ལག་པ་འདར་འདོར་ངང་མཆོད་ཁྲིའི་སྒང་ལ་བཞག་པ་དང༌། ལག་གཉིས་ཐལ་མོ་སྦྱར་ནས་སྟོན་པ་གཙོ་འཁོར་གསུམ་དང༌། རྗེ་རིན་པོ་ཆེ། ཨོ་རྒྱན་རིན་པོ་ཆེ། སྒྲོལ་མ། ྋགོང་ས་སྐྱབས་མགོན་རྣམ་གཉིས་དང༌། གཞན་ཡང་བླ་སྤྲུལ་ཁ་ཤས་ཀྱི་བརྙན་རིས་བཀྲ་བའི་ཤེལ་སྒྲོམ་དེ་ལ་མིག་ཟུང་ཅེར་ཏེ། གསལ་ལ་མི་གསལ་བའི་སྐྱབས་འཇུག་ཅིག་ཞུ་བཞིན་མཆི་མ་རྡོག་པོ་འགའ་འགྲམ་པའི་བཤུལ་ལམ་བརྒྱུད་ནས་བྲང་གཞུང་ན་ཟད་ཟད་དུ་འཕྱང་བའི་ཕྱག་མདུད་ཚུ་དྲེག་མ་དེ་དག་གི་ནང་དུ་བབས། མཐའ་མཇུག་གི་སྨོན་ཚིག་ ངའི་བུ་ལ་ན་བ་ཞིག་མི་འོང་བར་ཤོག་ ཟེར་བ་དེ་ཐོས་ཐུབ། ཨ་མ་རྒན་མོ་འདིའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ལྕི་མོ་ཞིག་དང༌། བཤད་མི་ཚར་བའི་སྡུག་ཡུས་རིང་མོ་ཞིག་ཡོད་ཐག་ཆོད་རེད། མོ་སྦྲ་སྒོར་བུད་དེ་ཤར་ཕྱོགས་ན་ཀྲོང་ངེར་འགྱིང་བའི་སྨན་རྒྱུད་རྫ་རིའི་ཕྲག་གོང་ན་མཚམས་སྤྲིན་ལྷོད་པོ་ཞིག་གི་ན་བཟའ་གྱོན་ཞིང༌། རང་འོད་ཀྱི་ངར་ཁ་ཡོངས་སུ་མ་རྫོགས་པར་དམར་སྒོར་སྒོར་བྱེད་པའི་ཉིན་བྱེད་དབང་པོའི་ཕྱོགས་ལ་ཡུད་ཙམ་བལྟས་ནས།  དཱ་འོང་གི་མ་རེད།  ཅེས་ཁེར་ལབ་ཞིག་བྱས་ཏེ། རྙིང་ཧྲུལ་དུ་གྱུར་པའི་བལ་ཚར་གྱི་ཕུ་ཐུང་གིས་མིག་ཆུ་འབྱིད་བཞིན་སྦྲ་ནག་ཏུ་འཛུལ། གཅུང་མོ་བཀྲ་ཤིས་མཚོའི་བུ་འབྲིང་བ་དཔལ་ལྡན་རྡོ་རྗེ་བུ་སྐལ་དུ་བྱིན་པ་དེའང་སྡོད་མ་འདོད་པར་རང་ཁྱིམ་དུ་ལོག་སོང་བས། ཞི་མི་ཆུང་ཆུང་ཞིག་གི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན་བྲོ་བ་མེད་པའི་ཞོགས་ཇ་ཞིག་འཐུང༌། ཞོགས་རླུང་ཡང་མོ་ཞིག་གིས་དེད་འོང་བའི་མེ་ཏོག་སྣ་ཚོགས་པའི་དྲི་བསུང་སྨན་རྒྱུད་རྩྭ་ཐང་གི་ཁོར་ཡུག་ན་ཧ་ཅང་འབྱམས། ཞོགས་པའི་ཉི་ཟེར་གྱི་འོག་ན་ཁུ་སིམ་པའི་སྨན་ཚོང་སྡེ་པའི་རྣམ་པ་ནི། བཟོ་བོ་མཁས་པའི་པིར་རྩེ་ལས་ཐོན་པའི་མཛེས་ལྗོངས་ཇི་བཞིན་ལྟ་ན་སྡུག །ལྗང་མདོག་གི་གོས་བཟང་གིས་ཡོངས་སུ་ཁེབས་ཤིང༌། དཀར་དམར་གྱི་ཆུ་སྐྱེས་སྣ་ཚོགས་ཚར་དུ་དངར་བའི་ཡུལ་ལྗོངས་འདིའི་རྒྱན་དུ་གྱུར་པ་ནི། ནམ་མཁའི་སྐར་ཚོགས་ས་ལ་བབས་པ་ལྟ་བུའི་འབྲོག་པའི་སྦྲ་གུར་དང༌། གང་འདོད་དུ་རྒྱུ་བའི་ཕྱུགས་རིགས་དཀར་ནག་གི་ཁྱུ་ཚོགས། སྨན་ཆབ་དལ་འགྲོ་རིང་མོ་ལྷུང་ལྷུང་དུ་འབབ་ཞིང༌། སིང་སིང་གི་གྲེ་འགྱུར་ཅི་དགར་བསྒྱུར་བའི་བྱ་བྱེའུ་དག་གི་སྐད་སྙན། རང་དབང་གིས་བྲོ་གར་གྱིས་དུས་འདའ་བར་བྱེད་པའི་ཕྱེ་ལེབ་དང་བུང་བ་སོགས་ཀྱི་འཕུར་ལྡིང༌། རྩྭ་ཐང་ན་གླུ་སྐད་སྙན་མོའི་འགྱུར་ཁུག་ལས་དུང་སེམས་མངར་བོ་ཕན་ཚུན་ལ་ལེགས་སྐྱེས་སུ་འབུལ་བའི་གཞོན་ནུ་ཕོ་མོ་དག་གི་བརྩེ་ཞེན་དང༌། ཕན་ཚུན་བདའ་རེས་འདེད་རེས་བྱས་ཏེ་རྩེ་དགའ་ལོངས་སུ་སྤྱོད་པའི་ངང་ཚུལ་དེ་དག་རེད།
༼གཉིས།༽
སྤྱིར་འཆི་མེད་རྡོ་རྗེ་ཚང་ལ་མཚོན་ན་སྨན་ཚོང་སྡེ་པའི་ཁྱིམ་ཚང་འབྲིང་གྲས་ཡིན་མོད། སྨན་སྒང་སྐྱེ་འཕྲེང་ལྔ་པ་བསྟན་འཛིན་རོལ་པའི་རྡོ་རྗེ་ཐེངས་དང་པོར་རང་ཁྱིམ་ལ་ཕེབས་དུས་སྒོར་ལྔ་ཁྲིའི་འབུལ་བ་དང༌། སྨན་སྒང་དགོན་པ་སླར་གསོའི་སྦྱིན་བདག་གི་གཙོ་བོ་བྱས་པས། བུ་ནོར་བུ་རྒྱལ་འཕགས་ཡུལ་གྱི་པཎ་ཊི་ཏ་ག་གེ་མོ་ཞིག་གི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ། ངུར་སྨྲིག་གི་རྒྱལ་མཚན་གསོལ་ནས་ཁོང་གི་ཕྱག་ཕྱིར་ཁྲིད་པ་ནས་བཟུང་ཡོན་མཆོད་ཀྱི་འབྲེལ་བ་དམ་པོ་ཞིག་ཆགས་པ་ནས། ཕ་འཆི་མེད་རྡོ་རྗེ་ཟོག་རྫི་དང༌། ཨ་མ་སྒྲོལ་དཀར་ནང་ལས་ལ་ཡང་བསྐྱར་བྲེལ་ཟིང་ཆེ། གཟའ་མི་གཉིས་ལོ་ན་བགྲེས་ཀྱང་ལས་ལ་བརྩོན་ཞིང་ལྷག་བསམ་ལྡན་པས་བུའི་མདུན་ལམ་ཡག་པོ་ཞིག་བྱུང་ན་ངེད་གཉིས་ལ་ཅི་བྱུང་ཡང་སྐྱོན་མེད་ཟེར་བཞིན་རྒྱུ་ནོར་རྣམས་རིམ་བཞིན་བླ་སློབ་གཉིས་ཀའི་ཕྱོགས་སུ་བཏང་བས་ད་ནི་འཚོ་བའང་སྐྱོ་ཙམ་ཡིན། བུ་ནོར་བུ་རྒྱལ་གྱི་ཆོས་མིང་ལ་ཤཱ་བ་རི་བསྟན་འཛིན་དངོས་གྲུབ་རྒྱ་མཚོ་ཞེས་གསོལ། ཡོངས་གྲགས་སུ་ཤཱ་བ་རི་ཟེར། ཤཱ་བ་རི་སློབ་གྲྭའི་སྒོ་ཐེམ་ཙམ་འགྲིམ་པ་ལྟ་ཞོག་ཡི་གེ་ཅེས་པའི་མིང་ཙམ་ཡང་མ་ཤེས་པར་རང་ལོ་ཉི་ཤུ་ཕྱུགས་རྫིའི་འཚོ་བས་བསྐྱལ་བས། ལོ་ཤས་རིང་ཁོང་དང་ལྷན་དཀར་ཐིག་འབུལ་སྡུད་དང༌། ནང་ཆེན་གྱི་བྱ་བ་ཙག་ཙིག་གི་ཞོར་སློབ་སྦྱོང་རེ་བྱས་མོད་ཡར་ཐོན་འོང་བ་རི་བོང་གི་རྭའི་སྤུན་ཟླར་གྱུར། སྨན་སྒང་དགོན་པ་ནི། སྨན་རྒྱུད་རྫ་རི་ཕྱུག་མོའི་མདུན་ཕྱོགས། སྨན་ཆབ་དལ་འགྲོ་སྔོན་མོ་ལྷུང་ལྷུང་འབབ་པའི་ཁུགས་སོ། སྨན་ཐང་བདེ་སྐྱིད་གཡང་གི་ར་བ་རུ་ཆགས་ཡོད་ལ། དགོན་པ་འདི་སྨན་སྒང་སྐུ་ཕྲེང་དང་པོས་ཕྱག་བཏབ་མཛད་ཟེར་མོད།
དགོན་པ་འདིའི་ལོ་རྒྱུས་འབྲི་ཐུབ་པའི་མཁས་པ་ཞིག་ས་འདིར་མ་བྱོན་པ་ཡིན་ནམ། ཡང་ན་མ་བྲིས་པ་གང་ཡིན་མ་ཤེས། གང་ལྟར་དུས་རབས་ནམ་ཞིག་ལ་བཏབ་པ་དང་ཆོས་བརྒྱུད་གང་ཡིན་སོགས་ཀྱི་ལོ་རྒྱུས་ལག་སོན་མ་བྱུང་ངོ༌། །རིག་གསར་སྐབས་ཆོས་སྡེ་གཞན་དག་དང་འདྲ་བར་འདི་ལའང་གོད་ཆག་ཆེན་པོ་བྱུང་སྟེ་གྱང་ཆག་ཐར་ཐོར་ཞིག་ལས་ཅི་ཡང་མེད་པ་བཟོས།
སྤྱི་ལོ་ ༡༩༧༥ ལོར་སྨན་སྒང་ཚང་ཁྲིམས་འོག་ལས་ཐར་མོད། རྒྱ་བོད་ཀྱི་ལས་བྱེད་རྣམས་ལ་ལས་ཀ་ཤེས་ཚད་ལས་ནས་ཞྭ་གོན་བྱས་ཏེ་བསྡད།
༡༩༨༣ ལོར་ཁོང་དཀར་འདོན་བྱས་ཏེ་རང་ཡུལ་དུ་ལོག་ནས་སྨན་སྒང་ཤུག་གསེབ་ཏུ་གཉོམ་ཆུང་ཆུང་བྱས་ནས་བཞུགས། ༡༩༨༦ ནས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་ཁ་གཡང་སྒྲོག་པ་དང་བསྟུན། སྨན་སྒང་སྐྱེ་ཕྲེང་ལྔ་པ་འདི་བས་སྨན་སྒང་དགོན་པ་སླར་གསོ་དང༌། སྨན་ཚོང་སྡེ་པའི་སྦྱིན་བདག་བྱས་ཏེ། རིམ་བཞིན་དགོན་པ་འདི་དར་རྒྱས་ཀྱི་རྣམ་པ་ཅན་དུ་གྱུར་པ་དང༌། སྨན་སྒང་ཚང་ཡང་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་པོ་དང༌། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྫོང་ཆོས་ལུགས་ལས་དོན་ཅུའུ་ཡི་ཅུའུ་ཀྲང་གི་མིང་བཏགས་པའི་སྐབས་ཡིན་ནོ།།
༼གསུམ།༽
ཐག་ཐག་ཐག་

"ཝེ་ནང་ལ་ཤོག་" "ཙིར་རི་རི། ""འོ་བསྟན་འཛིན་ཆོས་གྲགས་ཡིན་ནམ།" "ཁྱོད་ནང་དུ་བསྡད་ཡོད་དམ།" "ཡོད་ཡོད།" ཁོ་གཉིས་ཧ་ཅང་ཡིད་སེམས་གཅིག་པའི་མཛའ་གྲོགས་རེད་ཟེར། ཡིན་ནའང་ང་འདིའི་ཕྱོགས་ལ་ཆ་རྒྱུས་མེད། "ཨ་རོགས། ཁ་སང་བསྟན་འཛིན་རིགས་ལྡན་དང༌། བསྟན་འཛིན་ལེགས་ཚོགས། བསྟན་འཛིན་མཁས་གྲུབ་གསུམ་པོ་རྒྱ་གར་དུ་བྲོས་སོང་ཟེར། ཁྱོད་ཀྱིས་ཨེ་གོ་" "ངས་མ་གོ།""ད་རུང་འགྲོ་ནི་མང་པོ་ཡོད་ཀི་ཟེར། ད་འུ་གཉིས་ཀྱང་བསྡད་ནི་མ་རེད།"

ཨ་ཁུ་ཁུ་བྱུག་གང་ལ་བུད་ཐལ། ཤ་ཡུ་མོ་ཤེའུ་ཡེ་ཡེ་རྡུང་ལེན་འདིའི་འགྱུར་ཁུག་གི་ཁྲོད་ན་ཁོ་གཉིས་ཀྱི་གསང་གཏམ་གྱི་ལབ་གླེང་བག་ལ་ཞ། ཉིན་དགའི་རྗེས་སུ་ཤཱ་བ་རི་དང༌། བསྟན་འཛིན་ཆོས་གྲགས་གཉིས་རྒྱ་གར་དུ་བྲོས་སོང་ཞེས་པའི་གཏམ་ཡན་ཞིག་གིས་སྨན་སྒང་དགོན་པ་ནས་སྨན་ཚོང་སྡེའི་བར་ཡོངས་སུ་ཁྱབ། ཨ་མ་སྒྲོལ་དཀར་གྱིས་གཏམ་ངན་དེ་ཐོས་པས་ཉ་མོ་བྱེ་ཚན་དུ་བཏོན་པ་ལྟར། སྡུག་བསྔལ་གྱིས་ཐང་ལ་དགྱེ་ལོག་བྱས། ངུ་ངག་གིས་སྐད་ཆ་ཤབ་ཤུབ་ཞིག་ཤོད་ཞོར་ལག་གཉིས་ཀྱིས་མགོ་ཡི་སྐྲ་ལོ་འབལ་ཅི་ཐུབ་བྱས། ཕ་འཆི་མེད་རྡོ་རྗེ་སེམས་ཧ་ཅང་ཕམ་ནའང༌། ཨ་མ་སྒྲོལ་དཀར་ལ་སེམས་གསོ་བྱས་ཏེ་བཟའ་མི་ལོ་ལོན་འདི་གཉིས་སྙིང་རྗེ་རྗེ་ལྟར་དུ་འདུག །མི་ལ་འོང་བ་ལན་གཅིག་རེད་ཟེར་བ་ཅིའི་མི་བདེན། ཤཱ་བ་རི་བྲོས་ནས་ཟླ་ངོ་གཅིག་མ་འགྱངས་པར་རྫོང་སྤྱི་བདེ་ཅུའུ་ཡི་མི་གྲངས་ཁ་ཤས་འོངས་ཏེ། ཁོ་ཚང་བསྔོགས་བཤེར་བྱས་པས། ཡིད་བཞིན་ནོར་བུའི་སྐུ་པར་དང༌། ཞབས་བརྟན་གསོལ་འདེབས་ཀྱི་དེབ་ཆུང་ཞིག་ལག་ཏུ་ཚུད་དེ། ཕ་འཆི་མེད་རྡོ་རྗེ་ལ་ཉེས་མེད་ཉེས་འགེལ་གྱིས་ཆབ་སྲིད་ནག་ཉེས་ཅན་ཞེས་པའི་མིང་ངན་གྱིས་གཡོགས་ཏེ། འཕྲལ་མ་ཉིད་དུ་རྐང་ལྕགས་དང་ལག་ལྕགས་བརྒྱབས་ནས་རླངས་འཁོར་ནང་གཡུགས་པ་དང༌། སྙིང་ལ་གཟན་པའི་དུང་སྒྲ་རིང་མོ་ཞིག་དང་ལྷན་རྡུལ་དམར་འཚུབ་འཚུབ་བུད་སོང༌།
ཁྱོ་ག་བཙོན་འོག་ནས་ཤི་བ་དང༌། བུ་ཆུང་གི་སྐད་ཆ་ཙམ་ཡང་མ་གོ་བས། ཨ་མ་འདིའི་སྐྲ་ལོ་འཛིངས་ཤིང་བལ་ལྟར་དཀར་བ་དང༌། དཔྲལ་བའི་གཉེར་རིས་རྒྱ་མཚོའི་རླབས་རིས་ཇི་བཞིན་ཤིན་ཏུ་མང་ལ། ཤ་སྐམ་ཞིང་མིག་གཉིས་དོང་དུ་ལྷུང་བ། མདོག་མི་སྡུག་པ་སོལ་བའི་སྡོང་དུམ་ཞིག་དང་མཚུངས་པ་བཅས་ནི། བུ་ཆུང་ཤཱ་བ་རིས་བྱིན་པའི་ཕམ་ཁ་མ་རེད་ཅེས་ངས་བརྗོད་མི་ཐུབ་ཐག་ཆོད་ཡིན། ཤཱ་བ་རི་གྲྭ་སར་ཕེབས་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་པས་སྦྱང་འབྲས་མི་དམན་པ་བླངས་མོད། ལོ་འགའི་རྗེས་སུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཨ་སྒོར་འཚོལ་བའི་ལས་ལ་བྲེལ་གྱིན་འདུག་ཟེར། མ་སེམས་ཆུ་དང༌། བུ་སེམས་རྡོ་ཟེར་བ་ཅི་འདྲའི་སྡོམ་ཚིག་གསོན་པོ་ཞིག་རེད་ཨང༌། བརྩམས་སྒྲུང་འདི་རིང་པོ་ཞིག་འབྲི་དགོས་ན་ཆུ་ཚོད་མང་པོ་ཞིག་དགོས་པས་སློབ་གཉེར་གྱི་དུས་ཚོད་གྲོན་པར་དོགས་ནས། ཆུ་ཚོད་ཁ་ཤས་རིང་བྲིས་ཏེ་ཕུལ་བ་ཡིན་ལ། བརྗོད་བྱ་ཕལ་ཆེར་ཚང་ཡོད།

 

 

སེམས་ཚོར།
 
 རྩོམ་སྒྲིག་པ་བསྟན་འཛིན་དཔལ་མཆོག
ཁོ་བོ་ལྷོ་ཕྱོགས་ནས་རྡ་ས་བཞུགས་སྒར་དུ་དཔྱིད་ཆོས་ཞུ་ཆེད་ལྡི་ལིར་མན་ཇུ་ཀྲི་ལར་འབྱོར་བར། མཐོ་དམན་ཆ་མ་སྙོམས་པའི་ཁང་བརྩེགས་ཀྱིས་གུ་དོག་པོར་གྱུར་པའི་ལམ་སྲང་དུ་བསྐྱོད་སྐབས། རྒྱབ་ནས། སྐུ་ཞབས། སྐུ་ཞབས། ཞེས་འབོད་པའི་སྐད་གསལ་ལ་མི་གསལ་ཞིག་ཐོས་བྱུང༌། ཁ་ཕྱིར་བསྐོར་ནས་ལྟ་སྐབས་ཁོ་བོའི་མདུན་ན་ཕོ་གསར་ཞིག་ལངས་འདུག་པ་ནི་འདི་ལྟར་སྣང༌།
མགོ་བོའི་སྐྲ་རྣམས་སྲིན་པོ་ལྟར་ཟིངས་ཤིང༌། མིག་ཟུང་མཆོད་ཀོང་ལྟར་རྡིབ་པ་དང་སྟོད་ལ་སྟོད་ཐུང་སྲང་མང་པོ་ཅན་ཞིག་ལས་གཞན་གང་ཡང་མི་འདུག ལུས་སྨད་དུ་ཡང་འཇིན་སི་གོས་ཐུང་མཐའ་ལ་སྐུད་པ་ཧྲལ་ཧྲུལ་གྱིས་ཁེངས་པ། ལག་པར་ཀོ་བའི་ལག་ཤུབས་འཛུབ་མོ་ཕྱེད་ཀ་ཙམ་ཐོན་པ་ཞིག་རྫིག་རྫིག་ཆེད་དུ་གྱོན་འདུག །རྐང་ལག་འདར་སིག་སིག་ཏུ་གནས་ཀྱང༌། རྣ་བར་ལྕགས་ཀྱི་ཨ་ལོང་ཆེན་པོ་ཞིག་བཏགས་འདུག་པ་ནི། ཕ་མའི་བལྟ་རྟོག་མེད་པར་འཁྱམས་ཉུལ་བ་ཞིག་ཡིན་པའི་རྟགས་མཚན་གསལ་པོ་མངོན། འོན་ཀྱང་དེ་དག་ལ་སྣང་མེད་ཀྱིས་ཨཱ་ལན་སློག་པར། ཁོ་པས། ང་བལ་ཡུལ་ལ་འགྲོ་མཁན་ཡིན། ཁ་སང་ངའི་དངུལ་ཚང་མ་བརླག་སོང༌། སྐུ་ཞབས་ལགས་ཀྱིས་རོགས་པ་ཏོག་ཙམ་གནང་དང༌། ཞེས་སྐད་གདངས་དམའ་པོས་སྨྲས་སྐབས། ད་ཕྱི་ཚུལ་ག་རེ་ཡིན་ནའང༌། བོད་མི་ཡིན་པ་ནི་གཅིག་པ་རེད་བསམས་ཨམ་ཕྲག་ནས་འབའ་ཁུག་ཚུར་གཏོན་སྐབས། གཏོན་ལོང་བྱ་ལོང་མེད་པར། ཁོ་པས་ལག་ཁུག་འཕྲོག་ནས་ལམ་ཁ་ཀྱག་ཀྱོག་དེ་དག་གི་དཀྱིལ་ནས་རྦད་དེ་བརླག་སོང་བས་ང་ནི་འདི་བྱ་འདི་བྱེད་མེད་པར། ཨེ་མ། གངས་ཅན་གྱི་ན་གཞོན་རྣམས། འཇིག་རྟེན་ཡོངས་ཀྱི་སྤྱི་གཙུག་ཏུ་བཀུར་བའི་ཡང་དག་པའི་དབུ་ཁྲིད་འདི་འདྲ་བའི་བཀའ་དྲིན་གྱི་འོག །དྲིན་ཅན་ཕ་མས་ཁྲག་བསགས་རྣག་བསགས་བྱས་པའི་དཔལ་འབྱོར་འགྲོ་སོང་ཕངས་མེད་བཏང་བ་ལས་ཤེས་ཡོན་གྱི་གོ་སྐབས་འདི་ལྟ་བུ་ཐོབ་ན་ཡང་མ་འོངས་པར་རང་ཉིད་ཤེས་ཡོན་ཅན་ཞིག་ཏུ་གྱུར་ཏེ། ྋགོང་ས་ཆེན་པོའི་ཆོས་སྲིད་ཀྱི་མཛད་འཕྲིན་ཆེ་ཕྲ་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་ལྟ་ཅི། རང་གི་ཕ་མ་རྒན་རྒོན་གཉིས་ཀྱི་བུ་ལོན་ཙམ་ཡང་བསབ་མ་ཐུབ་པར་ལམ་སྲང་ཀུན་ཏུ་སྤྲང་ཁྱི་ལྟར་ཉུལ་ཞིང་རྐུན་ཇག་གི་བྱ་བར་ཞུགས་པ་དང༌། འཕྲོད་བསྟེན་ལ་ཆེས་གནོད་ཚབས་ཆེ་བའི་ཉལ་ཐ་རིགས་སྤྱད་པ་སོགས་ཀྱིས། རང་གི་ན་གཞོན་གྱི་དུས་ཚོད་གསེར་ལས་དཀོན་པ་དེ་དག་ཆུད་ཟོས་སུ་གཏང་བ་ནི་ཤིན་ཏུ་ནས་ཕངས་པོ་ཞིག་རེད་ཨང་བསམ་བཞིན། སེམས་པ་སྐྱོ་ལྷང་ལྷང་ངང་ཆོས་གྲོགས་འགའ་ཞིག་གི་རོགས་སྐྱོར་ལ་བརྟེན་ནས་རྡ་སའི་ཕྱོགས་སུ་བསྐྱོད་དོ།།

 

ནར་མ་སོན་པའི་ནེ་ཙོ་ཆུང་ཆུང༌།

སྨྱུག་རྒོད་གངས་བུ་དཔལ་གྱིས་བརྩམས། བློ་གླིང༌།

སྨྱུག་རྒོད་ནི་ནམ་རྒྱུན་ནས་སྲོག་ཆགས་འབུ་སྲིན་ཚུན་ཆད་ལ་དགའ་པོ་བྱེད་མཁན་སློབ་བུ་ཞིག་ཡིན། ཉིན་ཞིག་སྨྱུག་རྒོད་སློབ་གྲྭར་བསྐྱོད་པའི་ལམ་དུ་ཆར་པ་ཤུགས་ཆེན་བབས་པར་བརྟེན་ལམ་ཟུར་གྱི་འབྲས་ལྡན་ཤིང་སྡོང་འོག་ཡུན་ཞིག་བྱོལ་བའི་སྐབས། ལྗང་སེར་བཀྲག་མདངས་ཆེ་བའི་གཤོག་པ་ཅན་གྱི་ནེ་ཙོའི་ཕྲུ་གུ་ཆུང་ཆུང་ཞིག་རྨས་ནས་གན་རྐྱལ་དུ་ལུས་བཞིན་པ་མཐོང་བས་སྨྱུག་རྒོད་ཀྱིས་མ་བཟོད་པར་ལམ་སེང་ནེ་ཙོའི་ཕྲུ་གུ་ཆུང་ཆུང་དེ་ཁྱེར་ཏེ་ནང་དུ་ལོག་ཕྱིན། ནང་དུ་སླེབས་མ་ཐག་ཨ་མ་ལགས་ཀྱིས་བཀའ་བསྐྱོན་གང་ཡང་མ་གནང་བར། ¿ཨ་མའི་བུ་ཟེར་བ་འདི་འདྲ་ཞིག་དགོས་པ་ཡིན། ད་ལན་ཡང་ཁྱེད་ཀྱིས་དགེ་རྩ་བསགས་འདུག་ད་མགྱོགས་པོ་སློབ་གྲྭར་རྒྱུགས་རྗེས་ལུས་ཐེབས་ཡོང།¿ ཅེས་གསུངས།

སྨྱུག་རྒོད་སློབ་གྲྭར་རྗེས་ལུས་ཤོར་བས་དགེ་རྒན་གྱིས་ཆད་པ་སྣ་ཚོགས་བཅད་པ་མ་ཟད་སློབ་གྲྭར་རྗེས་ལུས་ཤོར་བའི་རྒྱུ་རྐྱེན་དྲིས། སྨྱུག་རྒོད་ཀྱིས་ལན་ཅི་ཡང་མ་བཏབ། དེ་ནས་དགེ་རྒན་དེས་སྔར་ནས་འདོད་པ་ཟུག་པའི་སྨྱུག་རྒོད་ཀྱི་སྨྱུ་གུ་སེར་པོ་དེ་སྟོད་ཐུང་འབའ་ཁུག་ནས་ཚུར་ཕྲོགས་ཏེ། ¿ཇི་སྲིད་ཁྱོད་ཀྱིས་ལན་མ་བཏབ་བར་སྨྱུ་གུ་དེ་ངའི་སར་སྡོད་ཀྱི་རེད་ཧེ་ཧེ།¿ ཞེས་ལབ། ཕྱི་དྲོ་སྨྱུག་རྒོད་ཁྱིམ་དུ་འབྱོར་སྐབས་ཨ་མས་ནེ་ཙོ་ཆུང་ཆུང་དེ་ཚལ་བླུག་སའི་འགྱིག་གི་སི་ར་ཞིག་ནང་ཀུ་ཤུ་ཕྱེད་ཀ་སྤྲད་དེ་ཐབ་ཚང་གི་འཁྱགས་སྒམ་སྟེང་བཞག་ཡོད་པས་སྨྱུག་རྒོད་ཤིན་ཏུ་དགའ་པོ་བྱུང༌། འོན་ཀྱང་འགྱིག་གི་སི་ར་དེ་གུ་ཡངས་པོ་མེད་པ་དང་ཐབ་ཚང་ནང་འཇོག་ན་གཙང་མ་མེད་པར་སོང་སྨྱུག་རྒོད་ཀྱིས་ཕྱི་ཉིན་དེ་གར་ཁྱིམ་གྱི་ཐོག་ཁར་ལྕགས་ཁྲའི་སྒོ་རྙིང་པ་ཞིག་ཡོད་པ་དེ་བཤིགས་ནས་བྱིའུ་འཇུག་སའི་ལྕགས་ཁྲ་གྲུ་བཞི་ཆེན་པོ་ཞིག་བཟོས། དེ་ནས་ནེ་ཙོ་ཆུང་ཆུང་དེ་ལྕགས་ཁྲའི་ནང་བཅུག་སྟེ་མེ་ཏོག་ལྡུམ་རའི་ནང་བཞག །ཕྱི་དྲོ་བྱ་བྱིའུ་གཞན་ཚོ་རང་རང་གི་ཚང་དུ་ལོག་སྐབས་སྨྱུག་རྒོད་ཀྱིས་ནེ་ཙོ་ཆུང་ཆུང་ཁང་པའི་ནང་ཡར་སྡུད་ཀྱི་ཡོད། རྟག་པར་སྨྱུག་རྒོད་སློབ་གྲྭ་ནས་ལོག་ཡོང་དུས་ནེ་ཙོའི་ཆེད་ཤིང་འབྲས་ཉོས་ནས་ཁྱེར་ཡོང་གི་ཡོད། སློབ་གྲྭའི་གུང་སེང་གི་ཉིན་ཞིག་ཁྱིམ་གྱི་མེ་ཏོག་ལྡུམ་ར་ཆུང་ཆུང་དེའི་ནང་སྨྱུག་རྒོད་ཀྱིས་སི་པན་ཆུང་ཆུང་གཅིག་བཟུང་ནས་ནེ་ཙོ་ཆུང་ཆུང་དེར་སྤྲོད་བཞིན་པ་སྨྱུག་རྒོད་ཀྱི་ཨ་མས་མཐོང་བ་དང་ལམ་སེང་སྨྱུག་རྒོད་ཀྱི་སར་རྒྱུགས་ཡོང་ནས་འགྲམ་པའི་སྟེང་འོ་ཞིག་བྱས་ཏེ་¿ཨ་མ་ང་ལ་བུ་འདི་ལྟ་བུ་ཡོད་པ་ཅི་འདྲའི་དགའ་བ་ལ་¿ལབ་པས། དེ་མ་ཐག་སྨྱུག་རྒོད་ཀྱི་སེམས་སུ་ནེ་ཙོ་ཆུང་ཆུང་དེའི་ཨ་མ་གང་དུ་ཡོད་སྙམ། ཕྱི་ཉིན་དེར་ཞོགས་པ་སྔ་ཐོག་ནས་ལྕགས་ཁྲའི་སྒོ་ཕྱེ་ནས་ནེ་ཙོ་ཆུང་ཆུང་དེ་ཕྱི་རོལ་དུ་བསླད་ཀྱང༌། ནེ་ཙོ་ཆུང་ཆུང་དེ་འཕུར་རྩལ་མ་རྫོགས་པའམ་ཡང་ན་ཉིན་ཤས་རིང་འཕུར་རྒྱུ་མ་བྱུང་བས་འཕུར་རྩལ་ཉམས་པ་ཡིན་ནམ་གང་ལྟར་ནེ་ཙོ་ཆུང་ཆུང་དེ་གནམ་དགུང་དུ་གཏན་ནས་འཕུར་མ་ཐུབ།

དེ་ནས་སྨྱུག་རྒོད་ཀྱིས་ཉིན་དེ་ནས་བཟུང་ནེ་ཙོ་ཆུང་ཆུང་དེ་ཕྱི་དྲོ་ཙམ་ནས་ཁང་སྟོང་ཞིག་ནང་གློད་བཞག་པ་དང་སྔ་དྲོ་སླར་ཡང་ལྕགས་ཁྲའི་ནང་བཅུག་ནས་ལྡུམ་རར་བཞག །ནེ་ཙོ་ཆུང་ཆུང་དེ་ལྡུམ་རར་བཞག་སྐབས་ཉེ་འཁོར་དུ་བྱིའུ་འདྲ་མིན་མང་པོ་ཡོང་གི་ཡོད་ལ་བྱིའུ་དེ་ཚོས་སྙན་འཇེབས་ལྡན་པའི་གླུ་དབྱངས་ཀྱིས་ནེ་ཙོ་ཆུང་ཆུང་དེར་སྤྲོ་བ་བསྐྱེད་དུ་བཅུག །དེ་ནས་ཉིན་འགའི་རྗེས་ནེ་ཙོ་ཆུང་ཆུང་དེས་ལྡུམ་རའི་ནང་བྱིའུ་གཞན་ཚོ་དང་འདྲ་མཉམ་དུ་བྱིའུ་གཞན་ཚོས་སྐད་ཇི་འདྲ་བརྒྱབ་པ་ནང་བཞིན་གླུ་དབྱངས་ལེན་ཐུབ་ལ། ལྡུམ་རའི་ནང་གི་ལྕང་སྡོང་རྩེ་ནས་ནེ་ཙོ་གཞན་གཅིག་གིས་ཀྱང་ནེ་ཙོའི་སྐད་ཀྱིས་ནེ་ཙོ་ཆུང་ཆུང་དེར་ཅ་ཅོ་སྒྲོག་པ་མ་ཟད་ཕྱི་དྲོ་ཁང་སྟོང་དེའི་ནང་ངལ་མེད་དུ་ཕར་འཕུར་ཚུར་འཕུར་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་དུས་ཡུན་དེ་དག་ཏུ་ནེ་ཙོ་ཆུང་ཆུང་དེ་རྟག་ཏུ་སྨྱུག་རྒོད་ལ་ཞེད་སྣང་དང་དོགས་ཟོན་ཁོ་ན་ལས་འབྲེལ་འདྲིས་རྩ་བ་ནས་མ་བྱུང་བ་མ་ཟད། སྔ་དྲོ་ལྕགས་ཁྲའི་ནང་འཇུག་ཕྱིར་བཟུང་བར་ཞུགས་སྐབས་ནེ་ཙོ་ཆུང་ཆུང་དེས་གང་ཐུབ་ཀྱིས་བྲོས་ཤིང་ཐར་ཟིན་སྐབས་སྐད་དྲག་པོ་བརྒྱབ་པར་བྱས་ཤིང་སོ་ཡང་བཏབ་ཐབས་བྱས། ཡིན་ནའང་ཕྱིས་སུ་སྔ་དྲོ་མྱུག་རྒོད་ཀྱིས་གཟུང་གྲབས་བྱེད་སྐབས་ནས་ནེ་ཙོ་ཆུང་ཆུང་དེ་རང་འགུལ་གྱིས་ལྕགས་ཁྲའི་ནང་འཛུལ་འགྲོ་བཞིན་ཡོད། ནེ་ཙོ་ཆུང་ཆུང་དེ་འབྲས་ཚོད་མར་ཤིན་ཏུ་དགའ་པོ་ཡོད་པར་སོང༌། སྐབས་རེ་སྨྱུག་རྒོད་ཀྱིས་ལག་མཐིལ་ནང་འབྲས་ཚོད་མ་བཞག་ནས་ནེ་ཙོ་ལག་ཐོག་ཏུ་བབ་དུ་བཅུག། ནེ་ཙོ་དོགས་ཟོན་ཆེ་བས་ལག་པའི་ནང་སྐར་ཆ་ཁ་ཤས་ལས་མ་བསྡད་པར་འབྲས་གང་ཐོབ་གཅིག་ལག་པའི་ནང་ཁྱེར་ཏེ་འཕུར་འགྲོ་ཡི་ཡོད། དེ་ལྟར་ཟླ་བ་གཅིག་ཙམ་སོང་རྗེས་སྨྱུག་རྒོད་ལ་ནེ་ཙོ་སྙིང་རྗེ་མོ་ཞིག་འདུག་ཅེས་གང་སར་ཁྱབ་ཅིང་སློབ་དགེ་འདོད་ཆེན་དེས་ཀྱང་ཤེས། ཉིན་ཞིག་སློབ་གྲྭ་འཚོགས་སྐབས་དགེ་རྒན་འདོད་ཆེན་དེས་དེ་སྔོན་སྨྱུག་རྒོད་ཀྱི་ས་ནས་འཕྲོག་པའི་སྨྱུ་གུ་དེ་བསྟན་ཏེ་ ¿གལ་ཏེ་སློབ་མ་སུ་ཞིག་གིས་ད་ལྟ་སླེབས་ལ་ཉེ་བའི་དགེ་རྒན་གྱི་དུས་ཆེན་ཉིན་ནེ་ཙོ་ཞིག་དགེ་རྒན་ལ་འབུལ་ན་དེ་ནི་སློབ་མ་ལེགས་ཤོས་དེ་ཡིན་པས་ལོ་དེའི་ཕུལ་བྱུང་སློབ་མ་ཡིན་པ་མཚོན་བྱེད་དུ་སྨྱུ་གུ་དེ་སྤྲོད་རྒྱུ་ཡིན་¿ལབ། སློབ་གྲྭ་གྲོལ་སྐབས་དགེ་རྒན་དེས་སྨྱུག་རྒོད་ལ་སྒོར་ལྔ་བྱས་པའི་སྨྱུ་གུ་ཞིག་བྱིན་ནས་ ¿འདི་ཁྱོད་རང་གི་སྨྱུ་གུའི་སྐྱིན་པ་ཡིན། གལ་ཏེ་སྨྱུ་གུ་ངོ་མ་དགོས་ན་ཕུལ་བྱུང་གི་སློབ་མ་བྱེད་དགོས་ཧ་ཧ་¿ལབ་ཏེ་སོང༌། སྨྱུག་རྒོད་ཀྱིས་སྒོར་ལྔ་བྱས་པའི་སྨྱུ་གུ་དེར་བལྟས་ཏེ་ཁོ་རང་གི་སྨྱུ་གུ་དྲན། སྨྱུག་རྒོད་ཀྱི་སྨྱུ་གུ་དེ་ནི་ལོ་ཤས་སྔོན་སྨྱུག་རྒོད་ཀྱིས་མངགས་པ་བཞིན་སྨྱུག་རྒོད་ཀྱི་སྲུ་མོས་ཕྱི་རྒྱལ་ནས་དང་འདོད་ཀྱིས་རིན་གོང་ཆེན་པོ་སྤྲད་དེ་ཉོས་པའི་ཝ་ཊར་མེན་ཇཎྤྟཔྱནཎརྣཞེས་པའི་སྨྱུ་གུའི་རིགས་ཤིག་ཡིན་ལ། མ་ཟད་སྨྱུག་རྒོད་ཀྱིས་སྨྱུ་གུ་དེ་སྤྱད་ནས་ཡིག་ཚད་སྐབས་ཨང་ཀི་ཐེངས་མང་ལེན་མྱོང་ཡོད་པས་དངོས་གནས་སྨྱུ་གུ་དེ་ཁ་དྲོ་པོ་དང་བྱས་རྗེས་ཅན་ཞིག་ཡིན། དེ་ནས་དགེ་རྒན་དེ་ཉིན་ཞིག་སྨྱུག་རྒོད་ཀྱི་ཁྱིམ་དུ་ཡོང་ནས་འདི་འདྲ་བཤད། ¿ཁྱོད་ཚོའི་བུས་སྔོན་མ་ངའི་ཆེད་དུ་ནེ་ཙོ་ཟིན་པའི་ལོ་རྒྱུས་ཡོད། དེ་ཡང་སྔོན་མ་རྡ་རམ་ས་ལར་ནེ་ཙོ་རྐང་ཆག་ཞིག་གྲིབ་ཚེ་མཆོག་གླིང་ཡོད་སའི་རོང་དེར་སོང་བ་མཐོང་བྱུང་བས་ངས་ལམ་སང་ཁྱེད་ཀྱི་བུར་ཤོག་སྒམ་གཅིག་བསྐུར་ནས་གཟུང་དུ་བཏང་བ་བཞིན་བུ་ཡག་པོ་དེས་ཟིན་པ་རེད་དཱ། དེ་ནས་ངའི་ནེ་ཙོ་དེ་བརླག་པ་རེད། བྱས་ཙང་དེང་སང་གྲོང་ཚོའི་ནང་ནེ་ཙོ་འདུག་ཟེར་གྱི་འདུག་པས་ང་ཡི་ནེ་ཙོ་དེ་མིན་ནམ་སྙམ་གྱི་འདུག་¿ལབ། སྐབས་དེར་སྨྱུག་རྒོད་ཀྱི་པཱ་ལགས་ཀྱིས་¿ང་ཚོའི་གྲོང་ཚོའི་ནང་ཡོད་པའི་ནེ་ཙོ་དེ་ཆུང་ཆུང་རྐང་པ་ཐང་ཐང་འདུག་ཟེར་གྱི་འདུག་ག་¿ལབ་པར་དགེ་རྒན་དེས་ ¿འོ་རེད་ངའི་ནེ་ཙོ་དེ་རྐང་ཆག་རྒས་པོ་ཞིག་ཡིན་ནའང༌། ཕལ་ཆེར་ཕྲུ་གུ་སྐྱེ་རྒྱུ་ཡོད་པས། ཨོ་ཕལ་ཆེར་ངའི་ནེ་ཙོའི་ཕྲུ་གུ་ཡིན་རྒྱུ་རེད། སོང་ཙང་ནེ་ཙོ་དེ་གང་དུ་ཡོད་མེད་མཁྱེན་བྱུང་ངམ་¿ལབ། ལམ་སེང་སྨྱུག་རྒོད་ཀྱི་ཨ་མས་¿ང་ཚོས་གང་དུ་ཡོད་མེད་ཤེས་མ་བྱུང་ལ་ངེད་ཚོས་རྒན་ལགས་ནང་བཞིན་དོ་སྣང་ཡང་བྱེད་ཀྱི་མེད་¿ལབ། སྐབས་དེར་སྨྱུག་རྒོད་ཀྱི་པཱ་ལགས་ཀྱིས་¿རྒན་ལགས་ད་ལོ་སྤྱི་འཐུས་འོས་མིའི་ནང་དུ་སུ་སུ་འདེམས་པ་དགའ་བ་ཡོད་དམ་ཅེས་སྐད་ཆ་བསྒྱུར། འོན་ཀྱང་སྨྱུག་རྒོད་ཀྱིས་དགེ་རྒན་གྱི་སྐད་ཆར་ཡིད་ཆེས་མ་བྱུང་བས་དགེ་རྒན་གྱི་བུ་ནགས་སྨྱུག་བྱ་བར་དྲི་བར་སོང༌། ནགས་སྨྱུག་གིས་བརྗོད་དོན་ལ་¿སྨྱུག་རྒོད་ཀྱིས་ཟིན་པའི་ནེ་ཙོ་དེ་པཱ་ལགས་ཀྱིས་ཤོག་སྒམ་ནང་མཚན་གང་བཅུག་བཞག་པར་བརྟེན་སང་ཉིན་དེ་ག་རང་དུ་གྲོངས་ཚར་འདུག །ངས་ཁྱོད་ལ་དཔང་པོ་བྱས་ཆོག་ཀྱང་ཕན་འབྲས་ཡོད་མ་རེད། གང་ཡིན་ཟེར་ན། ངའི་པཱ་ལགས་ཀྱིས་ཁས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད་¿ལབ། ནགས་སྨྱུག་ནི་སྨྱུག་རྒོད་ཀྱི་གྲོགས་པོ་ཡིན་པས་གདོན་མི་ཟ་བར་རོགས་པ་དང་དཔང་པོ་བྱ་ངེས་ཡིན་ཀྱང༌། ནགས་སྨྱུག་གིས་བཤད་པ་ལྟར་དགེ་རྒན་དེ་འདོད་རྔམ་ཅན་གྱི་ཡ་མེད་ཅིག་ཡིན་པས་ཐབས་ཤེས་མིན་འདུག་སྙམ་བཞིན་དགེ་རྒན་དུས་དྲན་ཉིན་མོར་སྒུག་བསྡད།།

འདི་ནས་བཟུང་ནེ་ཙོ་དང་སྨྱུག་རྒོད་ཁ་བྲལ་དུ་ཕྱིན་པའི་སྐྱོ་ཚུལ་ཁོ་ན་གླེང་རྒྱུ་ཡིན་པས་བྲིས་ན་རང་གཞན་མཐའ་དག་གི་དགའ་བདེ་སྐད་ཅིག་ཏུ་འཇོམས་རྒྱུ་ཡིན་ན། མཚམས་འདིར་རྩོམ་པ་པོའི་ངོས་ནས་བྲིས་མཚམས་བཞག་འདོད་བྱུང༌། འོན་ཀྱང་དགེ་རྒན་འདོད་རྔམ་ཅན་དེར་སྨྱུག་རྒོད་ཀྱིས་ནེ་ཙོ་རྩ་བ་ནས་སྤྲད་མེད།

Make a Free Website with Yola.