ཚན་རིག

དེང་དུས་ཚན་རིག་པས་ལུས་དང་ཤེས་པའི་སྐོར་འགྲེལ་བཤད་ཇི་ལྟར་བྱེད་པ་ལུས་ཀྱི་རྩ་བཀོད།
    མཁས་དབང་དགེ་སློང་རྣམ་རྒྱལ་དབང་ཆེན་གྱི་གསུང་རྩོམ་གསལ་རིག་སེམས་ཀྱི་གླེང་མོ་ལས་བཏུས།

དེང་དུས་ཚན་རིག་པས། རང་རེའི་ཤེས་པ་ནི། NEURON ནེའུ་རོན་ཞེས་པའི་ཀླད་པའི་རྩ་རིགས་རྣམས་ལ་གནས་པར་འདོད་ཅིང༌། རང་རེའི་ཀླད་པ་ནི། ནེའུ་རོན་ཟེར་བའི་རྩ་ཕྲན་དེ་འདྲ་བ་ཆེས་མང་པོ་དྲ་བ་ལྟར་བྲེས་པའི་རྩ་འདུས་ཀྱི་གོང་བུ་ལྟ་བུ་ཞིག་ཡིན་པ་དང༌། དེ་ལྟ་བུའི་རྩ་ཕྲན་དེ་རྣམས་རེ་རེ་ཡང་ NERVE CELL ནབ་སེལ་ཟེར་བའི་རྩ་རྡུལ་མང་པོ་མཐུད་དེ་གྲུབ་པ་མ་ཟད་ཀླད་པ་ལས་གྱེས་པའི་རྩ་ཕྲན་རྣམས་ཀྱང་དེ་མཚུངས་ནབ་སེལ་ཞེས་པའི་རྩ་རྡུལ་ལས་གྲུབ་པ་ཡིན་པ་རེད། དེ་ལྟར་ཀླད་པ་དང་དེ་ལས་གྱེས་པའི་རྩ་ཕྲན་རྩོམ་བྱེད་ཀྱི་རྩ་རྡུལ་རྣམས་ཀྱི་བཀོད་དབྱིབས་དང༌། བྱེད་ལས་ཇི་ལྟར་ཡིན་པ་ནི་འོག་ཏུ་འཆད་ཅིང༌། འདིར་ཐོག་མར་རང་རེའི་ལུས་ལ་སྤྱིར་རྩ་རིགས་འདྲ་མིན་ཇི་ཡོད་དང༌། དེ་ཚོའི་བྱེད་ལས་ཇི་ལྟར་ཡོད་བརྗོད་པ་ཡིན་པས། དེའི་ཚུལ་ནི། རང་རེའི་ལུས་ལ་ཁྲག་རྒྱུ་བའི་རྩ་དང་ཀླད་པ་དང་དེ་དང་འབྲེལ་བའི་རྩ་དང༌། རྩ་གནས་རང་དབང་ཅན་ཞེས་པ་སྤྱིར་རྩ་རིགས་འདྲ་མིན་གསུམ་ཡོད་པ་རེད།
 དེ་དག་ལས་ཁྲག་རྒྱུ་བའི་རྩའམ་ཁྲག་རྩ་ལ་སྙིང་ག་ནས་ལུས་བྱིངས་ལ་ཕར་ཁྲག་འགྲེམས་གཏོང་བྱེད་ལམ་རྩ་ ARTERY ཨར་ཊི་རི་ཟེར་བ་དང༌། ལུས་ཡོངས་ནས་ཁྲག་ཚུར་སྙིང་གར་འཐེན་པའི་རྩ་ (VEIN) སྦན་ཟེར་བ་སྟེ་རྩ་རིགས་གཉིས་ཡོད་ཅིང༌། དེ་ལྟ་བུའི་ཁྲག་རྩ་གཉིས་པོ་ལུས་ལ་ཇི་ལྟར་གནས་ཚུལ་ནི། སྙིང་ནི་རྩ་ཆེན་འདུས་པའི་ཆུན་པོ་ལྟ་བུ་ཡིན་པ་དང༌། གོང་གི་རྩ་རིགས་གཉིས་ནི། རང་རེའི་སྙིང་གི་གཡས་དང་གཡོན་གྱི་ངོས་གཉིས་ལས་གྱེས་ཏེ་གནས་ལ། དེ་གཉིས་སོ་སོ་ནས་ཀྱང་རྩ་ཕྲན་ཆེས་མང་པོ་གྱེས་ཏེ་ལུས་ཡོངས་ལ་ཁྱབ་སྟེ་ཡོད་པ་རེད། སྙིང་ལ་ཁྲག་འབུད་འཐེན་བྱེད་པའི་ནུས་ཤུགས་རང་ཆས་སུ་ཡོད་པ་དང༌། སྙིང་ནི་གློ་བ་ལ་ཟུག་སྟེ་གནས་ཤིང༌། གློ་བ་ལ་དབུགས་དབྱུང་རྔུབ་བྱེད་པའི་ནུས་ཤུགས་རང་ཆས་སུ་ལྡན་ལ། གློ་བའི་ནུས་ཤུགས་ཀྱིས་དབུགས་ནང་དུ་རྔུབ་པ་ན་ཕྱི་རོལ་ནས་ (OXYGEN)  ཨོག་སེ་ཇན་ཟེར་བའི་འཚོ་བྱེད་ཀྱི་རླུང་ཚུར་དབུགས་རླུང་དང་མཉམ་དུ་འཐེན་པས་གློ་བའི་ནང་དུ་སོང་བ་དང༌། སླར་ཡང་གློ་བའི་རྩ་འདབས་བརྒྱུད་འཚོ་རླུང་དེ་དག་སྙིང་གར་འབྱོར་ཏེ། དེ་ནས་ཁྲག་རྩ་ཨར་ཊི་རི་བརྒྱུད་ཁྲག་དང་མཉམ་དུ་ལུས་བྱིངས་ལ་ཕར་འགྲེམས་ལ། འཚོ་རླུང་དེ་ཚོས་ལུས་ཟུངས་བརྟས་པར་བྱེད་ཀྱི་ཡོད་པ་རེད། སྙིང་གི་ནུས་ཤུགས་ཀྱིས་ལུས་བྱིངས་ནས་ཁྲག་ཚུར་འཐེན་པ་ན་ལུས་གནས་སོ་སོར་བེད་སྤྱོད་ཟིན་པའི་རླུང་རྫས་རྙོག་མ་ཅན་རྣམས་ཁྲག་དང་མཉམ་གོང་བརྗོད་སྦན་ཟེར་བའི་རྩ་ལམ་བརྒྱུད་སྙིང་གར་འབྱོར་བ་དང༌། དེ་ནས་སླར་ཡང་གློ་བའི་ནང་སོང་བ་དང་གློ་བའི་ནུས་ཤུགས་ཀྱིས་དབུགས་རླུང་ཕྱིར་དབྱུང་བ་དང་མཉམ་བེད་སྤྱོད་ཟིན་པའི་རླུང་རྙོག་མ་ཅན་རྣམས་ཁ་སྣ་བརྒྱུད་ཕྱི་རོལ་ཏུ་ཕར་དབྱུང་བར་བྱེད་པ་དེ་ལྟར་རེད།
ཀླད་པ་དང་དེ་དང་འབྲེལ་བའི་རྩ་རིགས་བརྗོད་པ་ནི་གོང་བརྗོད་ལྟར་ཀླད་པ་ནི་(NEURON)ནེའུ་རོན་ཞེས་པའི་རྩ་ཕྲན་གྱི་ཉག་མ་མང་པོ་མཐུད་པའི་གོང་བུ་ཞིག་ཡིན་པ་དང༌། ཀླད་པ་ནས་སྒལ་གཞུང་བརྒྱུད་དེ་ལྟ་བུའི་རྩ་འདུས་ཀྱི་ཆུན་པོ་རིང་པོ་ཞིག་མར་བརྐྱང་བའི་ཚུལ་དུ་གནས་ཡོད་ཅིང༌། དེ་ལྟར་ཀླད་པ་དང་དེ་ལས་གྱེས་པའི་སྒལ་གཞུང་གི་རྩ་ཡི་ཆུན་པོ་གཉིས་ལས་རྩ་ཕྲན་མང་པོ་གྱེས་ཏེ་མིག་སོགས་དབང་པོ་རྣམས་དང་ལུས་གནས་གང་སར་ཁྱབ་སྟེ་གནས་ཡོད་པ་རེད།
 ཀླད་པ་དང་དེ་ལས་གྱེས་པའི་རྩ་ལ་ནང་གསེས་བྱེད་ལས་ཀྱི་སྒོ་ནས་ཚོར་བ་འདྲེན་པའི་རྩ་རིགས་དང༌། ལུས་ལ་བཀོད་ཁྱབ་གཏོང་མཁན་གྱི་རྩ་རིགས་བཅས་ཁག་གཉིས་ཡོད་ཅིང༌། དེ་ལྟར་ཚོར་བ་འདྲེན་པའི་རྩ་དང་ལུས་ལ་བཀོད་ཁྱབ་གཏོང་མཁན་གྱི་རྩ་གཉིས་ཀ་ཀླད་པའི་གནས་སུ་ཡོད་ཅིང་ཚོར་བ་འདྲེན་པའི་རྩ་ཞེས་པ་ནི། གཟུགས་མཐོང་བ་དང༌། སྒྲ་ཐོས་པ་དང༌། དྲི་ཚོར་བ་དང༌། རོ་མྱོང་བ་དང༌། རེག་བྱ་ཚོར་བ་དང༌། བསམ་བློ་གཏོང་བར་བྱེད་མཁན་གྱི་རྩ་རིགས་ལ་ཟེར་བ་རེད། རྩ་རིགས་དེ་དག་ཀླད་པའི་གནས་སོ་སོར་རིམ་པར་ཇི་ལྟར་གནས་ཚུལ་ནི། དེ་ཡང་རང་རེའི་ཀླད་པ་ལ་ཀླད་པའི་སྟེགས་བུ་དང༌། དེའི་སྟེང་ཀླད་པ་བར་མ་ཞེས་པ་དང༌། དེའི་སྟེང་ན་ཀླད་པ་སྟེང་མ་ཞེས་པ་དེ་ཡོངས་སུ་རྒྱས་པའི་ཚུལ་དུ་གནས་ཡོད་པ་དང༌། ཀླད་པ་སྟེང་མ་གོང་བུའི་ཚུལ་དུ་གནས་པ་དེའི་དབུས་ཐད་ཅུང་ཟད་མདུན་ངོས་ཕྱོགས་སུ་ཉེ་བའི་གནས་དེར། ཀླད་པ་ནས་མར་ལུས་བྱིངས་ལ་བཀོད་ཁྱབ་བྱེད་པའི་རྩ་རིགས་དེ་དག་གནས་ཡོད་ཅིང༌། རྒྱབ་ཕྱོགས་སུ་ཅུང་ཟད་ཉེ་བར་རེག་བྱ་ཚོར་བ་དང༌། བསམ་བློ་གཏོང་བ་དང༌། རོ་མྱོང་བའི་རྩ་རིགས་རྣམས་དང༌། ལྟག་རྒྱབ་ཏུ་གཟུགས་མཐོང་བའི་རྩ་རིགས་གནས་ལ། དབུས་ཐད་ཀྱི་སྨད་ཀྱི་ཆ་དེར་དྲི་སྣོམས་པ་དང༌། སྒྲ་ཐོས་པའི་རྩ་རིགས་དག་གནས་པ་ཡིན། དེ་ལྟར་གོང་བརྗོད་ཀླད་པའི་གནས་སོ་སོར་ཡོད་པའི་གཟུགས་མཐོང་བའི་རྩ་རིགས་སོགས་སོ་སོ་ནས་རྩ་ཕྲན་གྱེས་ཏེ་ཀླད་པ་བར་མ་ནས་མར་འཐོན་ཏེ། མིག་སོགས་དབང་པོའི་གནས་སོ་སོར་འབྲེལ་ཡོད་ཅིང༌། མིག་སོགས་དབང་པོ་སོ་སོ་དང་རང་རང་གི་ཡུལ་འཕྲད་པ་ན་རྩ་ཕྲན་དེ་དག་བརྒྱུད་ཡར་ཀླད་པའི་གནས་སུ་རླབས་ཀྱི་རང་བཞིན་གྱི་བརྡ་གཏང་བ་དང༌། ཀླད་པའི་གནས་སོ་སོར་གཟུགས་མཐོང་བ་དང༌། སྒྲ་ཐོས་པ་སོགས་བྱེད་ཅིང༌། དེ་ནས་རྩ་གནས་དེ་ཚོས་བསམ་བློ་གཏོང་མཁན་གྱི་རྩ་གནས་ལ་ཕར་བརྡ་བཏང་བ་དང༌། བསམ་བློ་གཏོང་བའི་རྩ་རིགས་དེ་ཚོས་བརྡ་དོན་ལ་བསམ་བློ་བཏང་སྟེ་ལུས་ལ་བཀོད་ཁྱབ་བྱེད་མཁན་གྱི་རྩ་རིགས་ལ་ཕར་བརྡ་སྤྲོད་ཀྱི་ཡོད་ཅིང༌། ལུས་ལ་བཀོད་ཁྱབ་བྱེད་པའི་རྩ་རིགས་དེ་ཚོས་བརྡ་དོན་གཞི་བཟུང་སྨྲ་བརྗོད་དང་གཡོ་འགུལ་གང་དགོས་སྐབས་བསྟུན་ལུས་གནས་སོ་སོར་མར་བརྡ་བཏང་བ་དང༌།  ལུས་གནས་སོ་སོས་བརྡ་དང་མཐུན་པའི་ལས་ཀ་བྱེད་པ་དེ་ལྟར་ཡིན།
 རང་དབང་ཅན་གྱི་རྩ་ཞེས་པ་ནི། ཀླད་པས་མར་བརྡ་གཏོང་བ་ལ་ལྟོས་མིན་ལུས་གནས་དེ་དང་དེར་བྱ་བ་བྱེད་པ་དཔེར་ན། གློ་བ་དང་སྙིང་གི་གཡོ་འགུལ་གཏོང་བྱེད་ཀྱི་རྩ་རིགས་རྣམས་ཡིན་པ་རེད། གོང་བརྗོད་ཨར་ཊི་རི་དང༌། སྦན་ཟེར་བའི་ཁྲག་རྩའི་སྡོང་པོ་དང་དེ་ལས་གྱེས་པའི་རྩ་ཕྲན་རྣམས་ནི། སྙིང་ག་ནས་གྱེས་པའི་ཁྲག་རྩའི་སྡོང་པོ་གཉིས་ལས་རྩ་འདབ་དུ་མ་གྱེས་ཏེ་ལུས་གནས་ཀུན་ལ་ཁྱབ་ཏེ་གནས་པ་དང༌། དེ་ལྟ་བུའི་རྩ་དང་རྩ་འདབ་ཐམས་ཅད་ཀྱང་གློག་སྐུད་ལྟར་སྦུབས་སྟོང་ཅན་ཡིན་ལ། སྦུབས་སྟོང་དེ་དག་བརྒྱུད་ཁྲག་འགྲོ་འོང་བྱེད་པ་དེ་ལྟར་རེད། འོན་ཀྱང་ཀླད་པ་དང་ཀླད་པ་ལས་གྱེས་པའི་རྩ་རིགས་རྣམས་ནི། ཁྲག་རྩ་ལྟར་སྦུས་ཅན་མིན་པ་མ་ཟད་དེ་དག་གནས་ཚུལ་ཡང་སྡོང་པོ་ལས་ཡལ་ག་གྱེས་པ་ལྟར་གནས་མེད་ཅིང༌། (NEURON) ནེའུ་རོན་ཟེར་བའི་རྩ་རིགས་རིང་ནར་གྱི་དབྱིབས་ཅན་མང་པོ་མཐུད་དེ་གནས་ཡོད་པ་དེ་ལྟར་ཡིན།
    (NEURON) ནིའུ་རོན་ནཾ་ཆུ་རྩ།
 ཀླད་པ་དང༌། དེ་ལས་གྱེས་པའི་རྩ་རིགས་རྣམས་ལ་ནིའུ་རོན་ཞེས་བརྗོད་ཅིང༌།  རྩ་རིགས་དེ་དག་ནི་ NERVE CELL ནབ་སེལ་ཞེས་པའི་རྩ་རྡུལ་མང་པོ་སྦྲེལ་ཏེ་གྲུབ་པ་ཡིན། ཀླད་པ་དང་ཀླད་པ་ལས་གྱེས་པའི་རྩ་རིགས་དེ་དག་ལ་རང་རེའི་སྨན་གཞུང་ལས་ཆུ་རྩ་ཞེས་མིང་འདོགས་མཛད་ཅིང༌། ཆུ་རྩ་རྩོམ་བྱེད་ཀྱི་ནབ་སེལ་ཞེས་པའི་རྩ་རྡུལ་དེ་དག་ནི་ཕྲ་ལ་རིང་ནར་ཅན་གྱི་བཟོ་དབྱིབས་ཅན་ཞིག་ཡིན་པ་དང༌། དེ་དག་ལས་འགའ་ཤས་ནི་ཀླད་པ་ནས་མར་སྒལ་ཚིག་བརྒྱུད་རྐང་ལག་སོགས་ལུས་ཀྱི་ཆ་ཤས་གཞན་བར་སྙོབས་པའི་རིང་ཚད་དུའང་ཡོད་པ་རེད། ཀླད་པ་དང༌། དེ་ལས་གྱེས་པའི་ཆུ་རྩའི་རྩ་ཕྲན་རྣམས་ནི་བརྗོད་མ་ཐག་པའི་རྩ་རྡུལ་མང་པོ་སྦྲེལ་ཏེ་གནས་པ་ཞིག་རེད། 
 དེ་ལྟ་བུའི་རྩ་རྡུལ་དེ་ཚོ་ནི་རང་རེའི་དབང་པོ་སོ་སོ་ནས་ཀླད་པར་ཡར་དང༌། ཀླད་པ་ནས་མར་ལུས་གནས་སོ་སོར་བརྡ་རླབས་གཏོང་བ་ན་བརྡ་སྐྱེལ་འདྲེན་གྱི་ལས་ཀ་འདུ་འགོད་བྱེད་མཁན་ལྟེ་བ་དེ་ཡིན་པ་རེད། དེ་ཡང་རྩ་རྡུལ་དེ་དག་རེ་རེ་ལ་བཟོ་དབྱིབས་ཁྱད་པར་ཅན་འདི་ལྟར་ཡོད་དེ། རྩ་རྡུལ་དེ་ཚོའི་ལུས་དངོས་དེ་ནི་ཅུང་ཟད་སྒོར་མོའི་དབྱིབས་ཅན་དུ་ཡོད་ལ། ལུས་སྒོར་མོ་དེའི་སྙིང་ག་ལྟ་བུ་དེར་(NUCLEUS)ནི་ཀ་ལི་ཞེས་ཟེར་ཞིང༌། ལུས་དེའིསྟོད་ཀྱི་ཆ་དེར་རྡུལ་དེའི་མགོ་བོ་ལྟ་བུ་ཞིག་ཡོད་ཅིང༌། མགོ་བོ་དེ་ལས་ཉག་ཕྲན་ཕྲ་ལ་རིང་བ་མང་པོ་ཕྱིར་བརྐྱངས་ཏེ་ཡོད་པ་དང་ཉག་ཕྲན་དེ་དག་ནི་དབང་པོ་ནས་ཀླད་པ་ལ་ཡར་དང༌། ཀླད་པ་ནས་མར་བརྡ་གཏོང་སྐབས། དེ་འདྲའི་བརྡ་རླབས་དེ་རྩ་རྡུལ་གཞན་ནས་རང་ལ་ཚུར་ལེན་མཁན་དེ་ཡིན་པ་རེད། དེ་ནས་རྩ་རྡུལ་གྱི་ལུས་སྒོར་མོ་དེའི་སྨད་ཀྱི་ཆ་དེར་རྩ་རྡུལ་དེའི་མཇུག་མ་རིང་པོ་ཞིག་ཡོད་ལ། རྩ་རྡུལ་སོ་སཱུའི་དབྱིབས་བཀོད་མཚུངས་ཀྱང༌། མཇུག་མའི་རིང་ཚད་འདྲ་མིན་སྣ་ཚོགས་ཏེ། འགའ་རེའི་མཇུག་མ་ནི་ཀླད་པ་ནས་མར་རྐང་མཐིལ་བར་སྙོབས་པའི་ཚད་དུའང་ཡོད་པ་དེ་ལྟར་རེད། མཇུག་མ་རིང་ཐུང་ཇི་ལྟར་ཡོད་ཀྱང༌། མཇུག་མ་དེ་ཚཱུའི་རྩེ་མོར་ལག་པ་ལས་མཛུབ་མོ་གྱེས་པ་ལྟར་ཉག་ཕྲན་མང་པོ་ཕྱིར་དཔྱངས་ཏེ་ཡོད་ཅིང༌། མཇུག་རྩེའི་ཉག་ཕྲན་དེ་ཚོ་ནི། རྩ་རྡུལ་གཞན་ནས་རང་ལ་འབྱོར་བའི་བརྡ་རླབས་དེ་རྩ་རྡུལ་གཞན་ལ་ཕར་སྤྲོད་མཁན་དེ་ཡིན་པར་རེད
 

Make a Free Website with Yola.