དཔྱད་རྩོམ།

ལྷག་བསམ་ལས་བྱུང་བའི་བསམ་གཞིགས།

འབྲས་སྒོ་རྫོང་དཀར་འཇིགས་མེད་ཐུབ་བསྟན།

དུས་རབས་འདིར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཚན་རྩལ་འཕྲུལ་ཆས་རིག་པའི་རང་བྱུང་སྐྱེས་དངོས་མཐའ་དག་ལོངས་སྤྱོད་མཁོ་སྒྲུབ་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ནས་རྡུལ་ཕྲན་རྫས་འགྱུར་ལག་ལེན་དར་ཁྱབ་ཆེ་བར་བརྟེན། ཚན་མཁས་ཆེ་ལས་པ་རྣམས་འཇིགས་དངངས་དང་བྲེལ་འཚུབ་ངང་སྡོད་ཚུགས་མེད་པར་ཞི་བའི་ཐབས་ལམ་འཚོལ་བཞིན་ཡོད་མོད། འོན་ཀྱང་རྐང་གཉིས་ཡིན་ཚད་ལ་དེ་འདྲའི་ཤེས་ཚོར་མེད་པར་ཁུ་སིམ་པར་བརྟན་སྡོད་ཡོད། དེང་སྐབས་སྔོན་ཐོན་རྒྱལ་ཁབ་འགའ་རེས་ཁ་ནས་ཞི་བདེ་ཞེས་གཏམ་སྙན་རེ་སྒྲོག་བཞིན་ཕར་ཕྱོགས་རྒྱུ་ཤུགས་དང་དབང་ཤུགས། དྲག་མཚོན་གྱི་ནུས་ཤུགས་ཀྱིས་ཞི་འཇགས་སུ་བཏང་བ་ལ་ཞི་བདེ་སྐྲུན་ཟེར་ཡང་དེ་ནི་བཙན་པོས་ཉམ་ཆུང་ལ་གཉའ་གནོན་དྲག་ཆས་ཀྱི་འཇིགས་རྔམ་ལས་ཞི་བདེ་ཞིག་ག་ལ་ཡིན། གོ་ཟླུམ་འདིའི་ངོས་འཚོ་སྡོད་བྱེད་པའི་མི་རིགས་གང་ཞིག་ཡིན་རུང་ཞི་བདེ་ཡུན་གནས་ཤིག་དགོས་ཚེ་ཆོས་ཚན་ཟུང་འབྲེལ་གྱི་རྨང་གཞི་བརྟན་པོའི་ཐབས་ཇུས་ཞིག་ལ་ངེས་པར་བརྟེན་དགོས་སམ་སྙམ། ཐབས་ཇུས་དེ་ཡང་གསར་ཞེན་གཡམ་རྒྱུགས་དང་རྙིང་སྲོལ་ལོག་འཛིན་མི་བྱེད་པར་ཡུལ་དུས་གནས་བབ་དང་འཚམས་པའི་རྣམ་དཔྱོད་ཀྱིས་བསམ་བློ་བརྗེ་རེས་དང་འདོད་ཚུལ་དོར་ལེན་གྱི་སྒོ་ནས་འཚེ་མེད་ཞི་བའི་བདེ་ལམ་འཚོལ་དགོས། དེས་ན་ང་ཚོས་ཀྱང་ཚན་རྩལ་གྱི་བཟང་ཆ་བསྡུ་ལེན་སྐྱོན་ཆ་ཐཻར་འདོན། ཉེས་སྐྱོན་འགོག་རྒོལ་ཆེད་ཐབས་བཟང་གི་དཔལ་ཡོན་བསྐྲུན་པར་གལ་འགངས་ཆེ་གལ། ང་ཚོ་ནང་པའི་རྗེས་འཇུག་པ་ཚོའི་ངོས་ནས་ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་མེད་ནི་ནང་བསྟན་ཆོས་ལུགས་ཀྱི་ཉིང་ཁུ་ཡིན་པས། དེ་འགྲོ་བ་མིའི་བསམ་བློའི་འདུ་ཤེས་ལ་ཐེབས་པར་བཅུག་སྟེ་ནང་ཆོས་ནི་སེམས་ཅན་ཐམས་ཅད་ལ་འཕྲལ་ཕུགས་ཀྱི་བདེ་བ་འབའ་ཞིག་སྒྲུབ་བྱེད་ཀྱི་ཐབས་མཆོག་ཡིན་པའི་ངེས་ཤེས་རྙེད་ན། ད་གཟོད་ནང་པའི་ལྟ་གྲུབ་དང་འབྲེལ་བའི་ཞི་བདེ་ཞེས་པའི་ངོ་བོ་རྙེད་སླ་བ་ཡིན། དེ་བས་ནང་ཆོས་འཛམ་གླིང་མིའི་བསམ་བློའི་འདུ་ཤེས་ལ་ཐེབས་སུ་འཇུག་རྒྱུ་ནི་ནང་པའི་ཤེས་ཡོན་པ་དང་དགེ་འདུན་པ་ཚོས་འོས་འགན་ཉག་གཅིག་ཡིན་པར་འཁུམས། དེ་འདྲའི་གོ་རྟོགས་གཏིང་ཟབ་སྤེལ་བ་ལ་འཛམ་གླིང་སྤྱིའི་སྐད་དང་ཡི་གེ་ནང་བསྟན་ལྟ་སྤྱོད་ཚན་རིག་དག་ལ་མཁས་འཛོམས་ཡིན་དགོས་ཕྱིར། གོ་ལ་ཧྲིལ་པོ་འདིའི་ངོས་ན་ངེས་དོན་འཚེ་མེད་ཞི་བའི་སྣེ་ཁྲིད་མཁན་ས་ཡི་ཉི་མ་ཆེན་པོ་ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་ལས་མེད་པས་ཆེད་ལས་པ་ཚན་རིག་མཁས་པ་དག་ཀྱང་ཧ་ལས་ཏེ་ནང་ཆོས་ལ་འགྲམ་ཆུ་ལྡང་བཞིན་མཆིས། དཔེར་ན། སྙན་གྲགས་ཆེ་བའི་ཚན་རིག་པ་ཨེར་བི་ཨེར་སི་ཐན་ལགས་ཀྱིས་ཚན་རིག་དང་དཔུང་པ་མཉམ་གཤིབས་བྱས་ནས་གོམ་པ་མཉམ་བགྲོད་བྱེད་ཐུབ་མཁན་བོད་ཀྱི་ནང་ཆོས་མ་གཏོགས་མེད་ཅེས་པས་མཚོན། དེའི་ཕྱིར་འཇིག་རྟེན་གྱི་འགྲོ་བ་མིའི་ཤེས་ཡོན་གྱི་ཐད་ལ་བསམ་གཞིགས་དང་རྟོགས་ཞིབ་ཀྱི་ཚན་རྩལ་འཚོལ་སྒྲུབ་ཀྱི་རིག་པ་དང་ནང་པའི་ལྟ་སྤྱོད་འདྲ་མཉམ་གྱིས་དར་སྤེལ་ཆེ་གཏོང་ཐུབ་ན་ནང་ཆོས་འདི་སྔར་ལས་རྣམ་པར་རྒྱལ་ཞིང་སྔར་བས་འོད་སྟོང་འབར་བའི་རླབས་ཆེན་གྱི་བྱ་གཞག་ཞིག་བསྒྲུབ་ཐུབ་ངེས། ད་ལྟ་ནང་པའི་མཁས་དབང་རྩེ་ཕུལ་དག་གིས་ནང་བསམ་བློས་སེམས་ཅན་ཡོད་དོ་ཅོག་ལ་དམིགས་པ་ལས་ཁ་ཡོད་ལག་ཡོད་ཀྱི་འགྲོ་བ་མིའི་རིགས་ཡོངས་ལ་ཆོས་ཚན་དཔུང་པ་མཉམ་གཤིབས་ཀྱི་ལྟ་སྤྱོད་དང་ཞི་ལམ་གྱིས་གཡོ་འགུལ་འགྱུར་རླབས་ཤིག་སྐྲུན་ཐུབ་ཀྱི་མེད། དེའང་སྔོན་མ་ནས་དགོན་སྡེ་གྲྭ་ཚང་ཁག་ཏུ་འཛམ་གླིང་སྤྱིའི་སྐད་ཡིག །ཆབ་སྲིད། ཚན་རིག་ཟབ་སྦྱོང་གཏིང་འཛིན་ཤུགས་སྣོན་གྱི་རྨང་གཞི་བརྟན་པོ་མེད་པས་ཤེས་ཡོན་གཤོག་བགྲོད་ཡ་གཅིག་ཡིན་པས་སོ། །

དགོན་སྡེ་ཁག་གི་རྩེར་སོན་མཁས་དབང་རྣམས་ཕལ་ཆེར་ནང་ཆོས་ཁོ་ནར་ཆེད་མཁས་ལས་དེང་དུས་ཀྱི་ཤེས་ཡོན་ཚན་རིག་སོགས་ཤེས་མཁན་ཉུང༌། སློབ་གྲྭར་ཆེད་ཐོན་ཤེས་ཡོན་པ་དག་བརྡ་སྤྲོད་རྐང་འཛིན་ལས་ཚན་རིག་དང་ནང་བསྟན་གཞི་ལམ་འབྲས་གསུམ་གྱི་ཟབ་ཁྱད་ཤེས་རྟོགས་མེད། གང་ཡིན་ཞེ་ན། གཞོན་སྐྱེས་རེ་འགས་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་ཞིང་བརྒྱུད་རིམ་གྱི་འབྱུང་ཁུངས་གཙང་བའི་རིག་གཞུང་འོད་སྟོང་ལྡན་པའི་ཆོས་ལུགས་ནི་མི་རིགས་འཕེལ་རྒྱས་སུ་འགྲོ་བའི་བཀག་རྡོ་ལྟ་བུ་ཡིན་པར་སྨྲ་བསམ་གྱིས་ཀུན་མཁས་ཀྱི་རྒྱ་ལས་མ་གྲོལ་ཤེས་རློམ་གྱི་དོང་ལས་མ་ཐར་བར་གནམ་ས་ཁ་བརྡིབ་ཀྱི་སེམས་ཁུར་ལེན་བཞིན་ཡོད་པས་སྤྱིའི་སྐད་ཡིག་དང་ཆོས་ཚན་ཀུན་མཁས་ཀྱི་མཁས་དབང་ཞིག་ཕལ་ཆེར་མེད་ཚོད་སྙམ། དེའི་ཕྱིར་ནང་པའི་ལྟ་གྲུབ་དང༌། ཚན་རིག །སྤྱིའི་སྐད་ཡིག་སོགས་དར་སྤེལ་མཐོར་འདེགས་གཏོང་ཐུབ་ཆེད་དམིགས་ཀྱི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་པའི་དུས་དེབ་དང་ཚགས་པར་སོགས་ཀྱི་གཟུགས་བརྙན་གསར་བཞེངས་བྱེད་པ་ནི་སྐབས་འོས་མཁོས་བསྟུན་གྱི་བྱ་གཞག་ཞིག་ཏུ་འཁུམས། དུས་དེབ་དང་ཚགས་པར་གང་ཞིག་ཡིན་རུང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཁ་ཕྱོགས་ངེས་ཅན་ཞིག་ཡོད་དགོས། ལྷག་པར་ནང་པའི་དགོན་སྡེ་ཁག་གི་དུས་དེབ་དང་ཚགས་པར་ཡིན་གཤིས་ནང་བསྟན་དང་འབྲེལ་བའི་ཁ་ཕྱོགས་ཡང་དག་པ་ཞིག་ཡོད་དགོས་སམ་སྙམ། དེའི་རྒྱུ་མཚན་ནི་དགོན་སྡེ་ཁག་གི་སློབ་གཉེར་བ་ཞིག་ལ་མཚོན་ན། ནང་བསྟན་ཆོས་ལུགས་ལ་ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་རྒྱུས་མངའ་ཡོད་གཤིས་ནང་བསྟན་ཤེས་རིག་གི་ཁྱད་ཆོས་དང་དགེ་མཚན་གཙོར་བཟུང་གི་བརྗོད་བྱ་རྗོད་བྱེད་ཀྱིས་ཕྱུག་པའི་རྩོམ་རིག་ཁྱབ་སྤེལ་རམ་འདེགས་བསྒྲུབ་ན་བཅུད་བཟང་གི་ལོ་ཡག་འབྱུང་བར་ར་སྤྲོད་ཐུབ་ངེས།

 

Make a Free Website with Yola.